2015-12-15

1

སེར་བྱེས་ལྭ་བ་ཁང་ཚན་ངོ་སྤྲོད།

  • ཁང་ཚན་གྱི་བྱུང་རིམ།

ཁང་ཚན་འདི་སེ་ར་བྱེས་མཁས་སྙན་གྲྭ་ཚང་གྲྭ་ཚང་གི་ཁང་ཚན་བཅུ་གསུམ་གྱི་ཡ་གྱར་གཅིག་ཡིན།  ཕྱི་ལོ/༡༧༧༥/ཡས་མས་ཤིག་ལ་བྱེས་མཁན་པོ་ལས་ཐོག་ཀེའུ་ཚང་བྱམས་པ་སྨོན་ལམ་མཆོག་གིས་ཐོག་མར་ཕྱག་བཏབ་པ་ནས་བཟུང་གཞུང་ཆེན་སློབ་གཉེར་དང་། སྒྲིག་ལམ་ཀུན་སྤྱོད་སོགས་གང་ཐད་ནས་སྙན་གྲགས་འབར་བའི་ཁང་ཚན་རྩེ་གྲས་ཞིག་ཏུ་གྱུར།

བཙན་བྱོལ་དུ་འབྱོར་ཚུལ།
ཕྱི་ལོ་༡༩༥༩/ལོའི་དུས་འགྱུར་སྐབས་ཁང་ཚན་འདིའི་དགེ་འདུན་ཕལ་ཆེ་བ་༸གོང་ས་མཆོག་གི་ཕེབས་རྗེས་བསྙེགས་ནས་བཙན་བྱོལ་བའི་གྲྭ་ས་ཐོག་མ་ཆགས་ཡུལ་སྦག་ས་རུ་འབྱོར། ས་དེའི་གནམ་གཤིས་དང་མཁའ་རླུང་སོགས་མི་འཕྲོད་པ་དང་འཚོ་བའི་གནས་སྟངས་ཞན་རྐྱེན་པས་སྦག་སའི་དགེ་འདུན་པ་གཞན་ལྟར་དཀའ་ངལ་མང་དུ་འཕྲད་ཡོད། སྤྱི་མཚུངས་ལྟར་ཕྱི་ལོ་༡༩༦༩/ལོ་སྦག་ས་ནས་རྒྱ་གར་ལྷོ་ཕྱོགས་སུ་གནས་སྤོས་བྱེད་པའི་གོ་སྐབས་བྱུང་བས།  ལྷོ་ཕྱོགས་སྦེལ་ཀོབ་ཏུ་འབྱོར་བ་ནས་ད་ཐུག་བར་ཁང་ཚན་འདིའི་དགེ་འདུན་པའི་གྲྭ་ཚོགས་ཀྱི་འཕེལ་ཁ་རིམ་བཞིན་རྒྱས་པ་དང་།  སྟབས་གཅིག་གཞུང་ཆེན་དང་ཐུན་མོང་རིག་གནས་ཀྱི་གནས་ཚད་སྦྱང་བ་ལེགས་གྲས་སུ་ཚུད་པར་གྱུར།

ལྷོ་ཕྱོགས་ནས་བསྟན་པའི་གཞི་ཚུགས་པ།

ཁང་ཚན་འདིར་སྦག་ས་ཆོས་སྒར་ནས་ལྷོ་ཕྱོགས་སུ་ཕེབས་པའི་དགེ་འདུན་པ་ཞལ་གྲངས་བཅུ་གསུམ་ཙམ་ལས་མེད། ཁོང་རྣམ་པས་རྒྱུན་ལྡན་གྱི་འཚོ་བ་ཞིང་ལས་རྔ་འདེབས་སོགས་ལ་བརྟེན་དགོས་མོད་དུས་ཀྱི་ཁོམ་པ་བཙལ་ནས་གཞུང་ཆེན་གསན་བསམ་ཉམས་ལེན་རྒྱུན་ཆགས་སུ་གནང་ཐུབ་པའི་བརྩོན་པ་བསྐྱེད།  ཐོག་མར་ཕྱི་ལོ་༡༩༧༢/ལོར་མི་གྲངས་ཉི་ཤུ་ལྷག་ཙམ་ཤོང་བའི་འདུ་ཁང་ཆུང་ཆུང་ཞིག་བཞེངས།   འདུ་ཁང་དེ་ནི་དུས་འགྱུར་རྗེས་རྒྱ་གར་དུ་ཆགས་པའི་ལྭ་བ་ཁང་ཚན་གྱི་འདུ་ཁང་དང་པོར་གྱུར།   རིམ་བཞིན་གཅིག་སྟོང་དགུ་བརྒྱ་བརྒྱད་ཅུ་གྱ་གྲངས་ལ་སླེབས་དུས།  བོད་ཡུལ་ནས་གྲྭ་རྒྱུན་མང་དུ་འབྱོར་བས་འདུ་ཁང་དེར་མ་ཤོང་བ་དང་།  གྲྭ་རྒྱུན་ལ་སྡོད་ཤག་མེད་པའི་དཀའ་ངལ་བྱུང་བར་བརྟེན་ད་ཡོད་འདུ་ཁང་འོག་གྲྭ་ཤག་དང་།  ཐོག་འདུ་ཁང་ཡིན་པའི་ཚོམས་འདི་གསར་བཞེངས་བྱས།  འདུ་ཁང་འདི་ནི་གྲྭ་གྲངས་བརྒྱ་མ་ལོན་ཙམ་གྱི་སྐབས་བཞེངས་པ་ཡིན་པས་སྐབས་དེར། གནས་བརྟན་རྒན་བགྲེས་རྣམ་པས་ནམ་ཞིག་ཚོམས་འདིར་མི་ཤོང་བའི་གྲྭ་རྒྱུན་འཕེལ་དལ་བྱུང་བ་ཡིན་ན།  དེ་དུས་ནི་བསྐལ་བའི་མཐའ་ཞིག་ཡིན་རྒྱུ་རེད་ཅེས་ཞལ་རྩེད་ཀྱང་གནང་མྱོང་ཡང་། ཁོང་རྣམ་པ་ནི་དཀའ་ངལ་རིམ་བརྒྱུད་ཀྱི་གནས་འདིར་ཕེབས་ཙང་དེ་ལྟར་དགོངས་པར་ཐུགས་ཁག་ཅི་ཡོད་མོད།  རིམ་བཞིན་གྲྭ་ཐོག་འཕེལ་རྒྱས་ཧ་ཅང་བྱུང་སྟེ་ད་ཆ་ནི་དགེ་འདུན་པ་སུམ་བརྒྱ་མ་ཟིན་ཙམ་རྒྱུན་བཞུགས་གནང་སའི་ཁང་ཚན་ཞིག་ཏུ་གྱུར་ཡོད།

དཀའ་སྡུག་གི་ལ་ལུང་བརྒལ་ནས་གྲྭ་རྒྱུན་དུ་ཕེབས་ཚུལ།

ད་ཡོད་གྲྭ་རྒྱུན་སུམ་བརྒྱ་མ་ཟིན་ཙམ་ལས་བརྒྱ་ཆའི་བརྒྱད་ཅུ་ནི་རང་ཁྱིམ་ནས་ལམ་རྒྱགས་ཕྲག་ཁུར་གྱིས། གངས་རི་དང་།  ལ་ལུང་གྲངས་མེད་རྐང་ཐང་གིས་བརྒལ་ཏེ་འོང་བ་དང་ཞག་བཞི་བཅུ་ལྔ་བཅུའི་རིང་རྒྱ་བལ་གྱི་མཐའ་སྲུང་དམག་མིར་གབ་ཐབས་སུ་ཉིན་མཚན་བརྗེས་ནས་འབྲོ་དགོས་པའང་མང་མང་གི་བརྒྱུད་དགོས་པའི་ལམ་ལུགས་ལྟ་བུ་ཞིག་ཡིན། མི་ཉུང་ཤོས་ཤིག་ནི་ཕྱི་བསྐྱོད་ལག་འཁྱེར་ཐོག་འོང་བ་ཡིན་ཡང་འོང་བའི་དམིགས་ཡུལ་གཅིག་མཚུངས་སུ་ལགས། རྐང་ཐང་བགྲོད་པའི་ལམ་བུ་ནི་འཛམ་གླིང་གི་མཐོ་ཤོས་སུ་གྲགས་པའི་སྟོད་གངས་རིན་པོ་ཆེའི་རི་རྒྱུད་ཀྱི་རྐང་ལམ་ཕྲ་མོ་དེ་དག་ཡིན། ལམ་དུ་ཉལ་ཁང་དང་། ངལ་གསོ་སའི་ས་སྐམ་པོ་ཙམ་ཡང་ཕར་ཞོག །ཉིན་མཚན་ཀུན་ཏུ་གོས་ལྷམ་འཁྱགས་པས་བསྡམས་ཤིང་། ཁ་བ་དང་ལྷགས་རླུང་གི་བུ་ཡུག་འཚུབ་པའི་རི་སྟོང་ལུང་སྟོང་དུ་སྐར་ཆ་གཅིག་ཙམ་ལ་ཡང་བཟོད་དཀའ་བའི་གྲང་ངར་མྱངས་ནས་འོང་དགོས་སྟབས།  བལ་ཡུལ་དུ་འབྱོར་འཕྲལ་རྐང་ལག་སོགས་གཅོད་བཏུབ་བྱེད་དགོས་བྱུང་བ་དང་། འགའ་ཞིག་ལམ་ནས་ལྟོག་ཤི་ཐེབས་པ།  སྐོར་ཞིག་མིག་ཕྱིད་ནས་འགྲོ་ལམ་མ་མཐོང་པ།  སྐོར་རེ་ལམ་རྒྱགས་ཆད་པ་སོགས་འདི་ལྟར་ངལ་བ་སྟོང་དང་དཀའ་བ་འབུམ་གྱིས་འོང་བ་གོ་ཐོས་བྱུང་དུས་ཡུལ་མི་ཉེ་བ་དག་ཀྱང་སྡུག་བསྔལ་བཟོད་མེད་ངང་གནས་དགོས་བྱུང་ཡོད་མོད།  སྐྱབས་མགོན་རིན་པོ་ཆེའི་གསར་ཞལ་མཇལ་བ་དང་། གང་དེའི་བཀའ་དགོངས་གཟིགས་གནང་འོག་གང་ནུས་བསྟན་སྲིད་ཀྱི་བྱ་བར་འབད་འདོད་ཡིན་པ་ནི་བཤད་མི་དགོས་སོ།།

ད་ལྟའི་དངོས་གནས་བབ་དང་མ་ཞུ་ཐབས་མེད་ཀྱི་རེ་འབོད།

དགེ་འདུན་པའི་རྒྱུན་ལྡན་གྱི་འཚོ་བའི་འགྲོ་གྲོན་ནི། ཟླ་རེ་ལ་སློབ་གཉེར་གྱི་ཆ་རྐྱེན་དང་གོས་ལྷམ་ཙག་ཙིག་རིགས་ལ་ཨ་སྒོར་༡༥/ཙམ་དང་། སྐབས་རེར་ན་ཚ་བྱུང་བ་བཅས་གློ་བུར་བའི་རྐྱེན་བྱུང་ཚེ་འགྲོ་གྲོན་ཅུང་ཕོན་ཆེན་དགོས་ཚེ་ཁང་ཚན་སྤྱི་གཉེར་ལས་ཁུངས་སུ་རོགས་རམ་ཞུ་པ་དང་། ཁང་ཚན་སྤྱི་གཉེར་ལས་ཁུངས་ནས་དཀའ་ངལ་སེལ་ཐབས་བྲལ་ཚེ་སྐབས་བབ་ཀྱི་གནས་སྟངས་ལ་དཔགས་པའི་ཐབས་ཤེས་གཞན་ཡང་བྱེད་དགོས་ཀྱི་ཡོད། དེས་ན་རྒྱ་ཆེའི་མང་ཚོགས་ལྷན་རྒྱས་ལ་ཞུ་རྒྱུར། གོང་སྨོས་གྲྭ་བ་རེ་རེའི་འགྲོ་གྲོན་ལ་སྦྱིན་བདག་གནང་ཐུབ་མཁན་དང་། ཡང་ན་ཚད་གཞི་ངེས་མེད་ཐོག་ཞལ་འདེབས་གནང་བ་གང་ལྟར་ཁྱེད་ཀྱིས་བྱམས་བརྩེ་ཆེན་པོས་ངེད་ལྭ་བ་ཁང་ཚན་ལ་གང་ནུས་ཀྱིས་རོགས་རམ་གནང་རོགས་ཞུས་ཡོད།
      གཞན་ཡང་བར་ལམ་དམིགས་བསལ་གྱི་དཀའ་ངལ་ཞིག་འཕྲད་ཀྱིན་པ་ནི། འདུ་ཁང་ཧ་ཅང་ཆུང་དྲགས་པས་དགེ་འདུན་པ་འཚོགས་སྐབས་ཧ་ལམ་ཕྱེད་ཙམ་ཕྱི་ནས་བཞུགས་དགོས་བྱུང་བ་དང་།  གྲྭ་ཤག་དང་འདུ་ཁང་བར་ལམ་ཐག་ཧ་ཅང་རིང་དྲགས་པ་འདི་གཉིས་ནི་དགེ་འདུན་པ་སྤྱི་ལ་འཕྲད་པའི་དཀའ་ངལ་གཙོ་བོ་དེ་ཡིན། རྒྱུན་ལྡན་འཚོགས་སྐབས་གྲལ་གྱི་བར་གྲལ་ཚབ་བཞག་ནས་བསྡད་ཀྱང་དགེ་འདུན་པ་བརྒྱད་ཅུ་དགུ་བཅུ་ཙམ་འདུ་ཁང་དུ་ཤོང་མི་ཐུབ།  མ་གཞི་མི་ལོ་སུམ་ཅུ་ཙམ་སོང་ཟིན་པའི་འདུ་ཁང་དེ་ཐོག་མ་གསར་བཞེངས་སྐབས་རྒྱུ་ཆ་བཟང་གྲས་གང་སྤྱོད་མ་ཐུབ་པ་དེ་ལ་བཟོ་བཅོས་གཏོང་ཐབས་མི་འདུག །དེར་བརྟེན་ངེད་ལྭ་བ་ཁང་ཚན་གྱི་སྤྱི་གཉེར་ལས་ཁུངས་ཀྱི་ལས་བྱེད་པ་རྣམས་ནས་དཀའ་ངལ་དེ་དག་སེལ་ཕྱིར་གང་མགྱོགས་འདུ་ཁང་གསར་པ་ཞིག་བཞེང་ཐུབ་པའི་རེ་བ་བྱེད་ཀྱིན་ཡོད། དེས་ན་ས་ཕྱོགས་གང་སར་བཞུགས་པའི་དད་ལྡན་ལྷག་བསམ་ཅན་རྣམས་ཀྱིས་བྱམས་བརྩེའི་མིག་ཟུང་རིང་གཟིགས་ཀྱིས་ངེད་ལྭ་བ་ཁང་ཚན་གྱི་ལས་གཞི་འདིར་རོགས་རམ་གང་ནུས་རེ་གནང་རོགས་ཞུ།

རྒྱུན་ལྡན་སློབ་གཉེར་བྱེད་ཚུལ་དང་ཞར་བྱུང་གུང་སེང་སྐོར

ཁང་ཚན་གྱི་དགེ་འདུན་པའི་གྲས་ནས་གནས་བརྟན་བགྲེས་སོང་དང་།  སློབ་གཉེར་མཐོན་སོན་པ་འགའ་ཞིག་མ་གཏོགས་གྲྭ་གྲངས་༢༦༠/ ལྷག་སློབ་གཉེར་བ་ཤ་སྟ་ཡིན། དེ་ཡང་འགོ་ལྷ་རམས་འཛིན་གྲྭ་ནས་མཇུག་བསྡུས་ཆུང་འཛིན་གྲྭའི་བར་གྲྭ་གྲངས་༢༥༠/ལྷག་གཞུང་ཆེན་སློབ་གཉེར་བ་དང་། གཞན་སློབ་གྲྭ་བ་བཅུ་ལྷག་ཅིག་ཡོད། གནའ་སྔ་མོ་བོད་དུ་ལྭ་བ་ཁང་ཚན་གྱི་སློབ་གཉེར་བ་རྣམས་གཞུང་ཆེན་ལ་ཐོས་བསམ་ཁོ་ན་མ་གཏོགས་ཆོ་ག་དང་།  ཐུན་མོང་རིག་གནས་སོགས་སྦྱང་མི་ཆོག་པའི་ཁང་ཚན་གྱི་སྒྲིག་གཞི་ཞིག་ཡོད་མོད།   ད་སྐབས་དུས་ཀྱི་འཕོ་འགྱུར་གྱི་དབང་གིས་གཞུང་ཆེན་མོ་གཙོ་བོར་བྱས་ནས་དག་སུམ་སྙན་ངག་སོགས་ཡན་ལག་གི་ཚུལ་དུ་སྦྱང་པ་བྱེད་མུས་མཆིས།
 དགེ་འདུན་པ་དག་ཞོགས་པ་ཆུ་ཚོད་༦/སྔོན་ཡར་ལངས་ནས་རྩ་འགྲེལ་ཁག་ལ་བློ་འཛིན་དང་། ཞོགས་ཇ་འཐུང་ཚར་རྗེས་དཔེ་འཁྲིད་དུ་ཕེབས་པ་དང་དཔེ་ཆ་བློ་འཛིན་བྱེད་པ་ཅི་རིགས་སུ་ངེས།  དེ་ནས་ཆོས་ཐོགས་སྐབས་སྔ་དྲོ་ཆུ་ཚོད་༩/ནས་༡༡/བར་རྩོད་གྲྭ་དང་། ཆོས་མཚམས་སྐབས་སྔ་དྲོར་རྩོད་གྲྭ་མེད་པས་ཞོགས་ཇ་གྲོས་རྗེས་ནས་ཉིན་གུང་བར་དཔེ་ཁྲིད་དང་བློ་འཛིན་བྱེད་པའི་དུས་སུ་ངེས།  ཉིན་གུང་ཆུ་ཚོད་༡༡/ཞལ་ལག་དང་༡༡:༣༠/ནས་༡༢:༣༠/བར་བསྡུས་གྲྭ་གསུམ་གྱིས་ཡིག་གཟུགས་འབྲི་སྦྱོང་དང་། བརྡ་དག་གོམ་པ་དང་པོ་སློབ་ཁྲིད། ཉིན་གུང་ཞལ་ལག་རྗེས་ཆུ་ཚོད་༡/རིང་གཞུང་གསར་འཛིན་གྲྭ་ནས་དབུ་རྙིང་འཛིན་གྲྭའི་བར་སྐབས་བབ་ཀྱི་རིག་གནས་སློབ་ཁྲིད་དང་རང་སྦྱོང་།  སྐབས་རེར་ཉིན་གུང་ཞལ་ལག་རྗེས་དབྱིན་ཡིག་དང་རྒྱ་ཡིག་འཛིན་གྲྭ་ཡང་ཡོད། ཆུ་ཚོད་༡༢:༣༠/རྗེས་ནས་དུས་ཡུན་ཐུང་ངུར་གཟིམ་ཁུག་རྒྱུ།   ཆུ་ཚོད་དང་པོའི་རྗེས་དཔེ་ཀློག་བྱེད་པ་དང་དཔེ་ཁྲིད་ལ་ཕེབས་དགོས་པ་ཅི་རིགས་ངེས། དགོང་མོ་ཆུ་ཚོད་༥/ཞལ་ལག་དང་། ཆུ་ཚོད་༦/རྩོད་གྲྭ་ལ་ཕེབས་ནས་ཧ་ལམ་ཆུ་ཚོད་དགུ་པ་བཅུ་པ་བར་ཆོས་རྭ་ལ་བཞུགས་དགོས། རྩོད་གྲྭ་གྲོལ་ནས་རང་ཤག་ཏུ་འབྱོར་འཕྲལ་དབུ་རྙིང་འཛིན་གྲྭ་མན་ཆད་དཔེ་ཆ་སྐྱོར་སྦྱོང་དང་། འདུལ་བ་འཛིན་གྲྭ་ཡན་རང་ཤག་ཏུ་བཞུགས་ཏེ་ཉལ་མཚམས་བར་དཔེ་ཀློག་གནང་གི་ཡོད་པ་བཅས་ཉིན་གཅིག་རིང་གི་བྱ་བཞག་རགས་རིམ་བཀོད་པ་ལགས།
         ནམ་རྒྱུན་རེ་གཟའ་མིག་དམར་ལ་གུང་སེང་དང་། བོད་ཟླ་༨/ དབྱར་དགག་དབྱེ་གྲུབ་རྗེས་ཉིན་བརྒྱད་རིང་གུང་སེང་། བོད་ཟླ་༡༢/ ཚེས ༢༥/ནས་བོད་ཟླ ༡/ཚེས་༨/བར་ལོ་གསར་གྱི་གུང་སེང་།  གནས་ཡུལ་དང་འཚོ་རྟེན་ལ་གཏན་འཁེལ་མེད་པའི་གྲྭ་རྐྱང་འདི་དག་རྒྱུན་དུ་སློབ་གཉེར་དང་ཚོགས་ཆོས་ཀྱིས་ལོ་ཟླ་འདས་ཏེ་བཞུགས་ཐུབ་པ་ནི་སྤྱིར་༸གོང་ས་རྒྱལ་བ་རིན་པོ་ཆེའི་བརྩེ་གཟིགས་དང་། སྔོན་གྱི་སྦག་སའི་རྒན་རྣམ་པའི་བཀའ་དྲིན། ལྷག་པར་དད་ལྡན་སྦྱིན་བདག་རྣམས་ཀྱི་མཐུན་འགྱུར་རོགས་རམ་ལ་བརྟེན་པ་ཉག་གཅིག་ཡིན།
མཇུག་གི་འཚམས་ཞུ་དང་སྨོན་འདུན།
ཁྱེད་ཀྱིས་ངེད་ལྭ་བ་ཁང་ཚན་གྱི་ངོ་སྤྲོད་ལ་གཟིགས་པ་ཐུགས་རྗེ་ཆེ། ལྭ་བ་ཁང་ཚན་གྱི་སྤྱི་གཉེར་ལས་ཁུངས་ནས་ཁྱེད་རྣམ་པར་རྟག་ཏུ་སྐུ་ཁམས་བདེ་ཞིང་འཕྲལ་ཕུགས་ཀྱི་བྱ་བཞག་མཐའ་དག་གེགས་མེད་ཡིད་བསམ་ལྟར་འགྲུབ་པའི་སྨོན་འདུན་གྲངས་མེད་ཡོད།

ཞར་བྱུང་འཕགས་ཡུལ་ལྷོ་ཕྱོགས་ཀྱི་ཁོར་ཡུག་ངོ་སྤྲོད།

        རྒྱ་གར་ལྷོ་ཕྱོགས་སེ་ར་ཐེག་ཆེན་གླིང་ནི་བོད་མི་བཙན་བྱོལ་བ་རྣམས་ཐོག་མར་གནས་ཆགས་སྐབས་ས་འདིའི་ནགས་ཚལ་སྟུགས་པོ་བྲེགས་ནས་ས་ཞིང་དང་དགོན་གྲོང་དུ་བསྒྱུར་པ་ཞིག་རེད། ས་དབྱིབས་ཀྱང་རྒྱ་ཐང་ཡངས་ཤིང་ལོ་ཏོག་གི་སྐྱེ་འཕེལ་བཟང་ལ།  ཆར་ཆུ་དུས་སུ་བབས པའི་ས་ཆ་ཞིག་ཡིན། གཡས་གཡོན་གྱི་རི་ཀླུང་ནགས་ཚལ་སྟུགས་ཤིང་། གཅན་གཟན་དང་བྱ་བྱིའུ་སྣ་མང་འཛོམས་པའི་རང་བྱུང་གི་བཀོད་པའང་ཤིན་ཏུ་མཛེས། རྒྱ་གར་རྒྱལ་ཡོངས་ནང་གནམ་གཤིས་ཀྱི་ཚ་དྲོད་མཉམ་ཤོས་དང་། ཁོར་ཡུག་དུས་བཞིར་སྔོ་ལྗང་དུ་གནས་པའི་ཞི་བདེའི་ཡུལ་ཁམས་ཤིག་ཡིན། ཕྱི་ཟླ་༢/པའི་རྗེས་ནས་དྲོད་ཚད་20ནས་རིམ་བཞིན་འཕར་ཏེ་ཕྱི་ཟླ་༥/པར་སླེབས་དུས་དྲོད་ཚད་ཀྱི་30ལྷག་ཡིན།  ཕྱི་ཟླ་༥/ནས་ཆར་པ་འབབ་འགོ་ཚུགས་ཏེ་ཕྱི་ཟླ་༧/སླེབས་དུས།  དྲོད་ཚད་20མར་བབ་འགྲོ། དེ་དུས་ནི་ས་གཞི་ཐམས་ཅད་བརླན་གཤེར་གྱིས་ཁྱབ་པས་སློབ་གཉེར་བ་ཚོས་གྱོན་གོས་དྲོན་མོ་དང་། ཆར་གདུགས་རེ་གྲ་སྒྲིག་བྱ་ཡི་ཡོད།  སྐབས་དེ་དུས་ནི་དགོན་པའི་རྒྱབ་ལོགས་ཀྱི་ནགས་ཚལ་ཆེན་མོར་རྩེ་ཤེང་མེ་ཏོག་རྣམས་ཆེས་རྒྱས་པའི་སྐབས་ཡིན་པས་མཚམས་རེ་གྲྭ་ཕྲུག་ལོ་ཆུང་ཚོས་གཟའ་མིག་དམར་གུང་སེང་ཉིན།  ཤིང་ནགས་སུ་འཆམ་འཆམ་འགྲོ་སྐབས་ནགས་འགྲམ་དུ་གླང་ཆེན་དང་། སྟག་གཟིག།  ཤྭ་བ་སོགས་ཀྱང་མང་དུ་མཐོང་གིན་ཡོད།   ཕྱི་ཟླ་༨/ཟླ་དཀྱིལ་དུ་སླེབས་ཚེ་ཆར་དུས་ཡོལ་ཟིན་པས་སྤྲིན་པ་དང་སྨུག་པ་སོགས་ཀྱིས་མ་སྒྲིབ་པའི་དགུང་སྔོན་དྭངས་ཤིང་། རྒྱ་མཚོ་ནས་ལྡང་བའི་དྭང་བསིལ་ཀྱི་རླུང་བུས་ཉིན་མཚན་ཁོར་མོ་ཡག་ཏུ་ལུས་ཀྱི་འབྱུང་ཁམས་ཐམས་ཅད་སྙོམ་པར་བྱེད། དེ་ནས་རིམ་བཞིན་དྲོད་ཚད་ཇེ་དམའ་རུ་ཕྱིན་ནས་ཕྱི་ཟླ་དང་པོའམ་བོད་ཟླ་བཅུ་གཉིས་ལ་སླེབས་ཚེ་དྲོད་ཚད་ཕལ་ཆེར་20འོག་ལ་བབ་འགྲོ། སྐབས་དེ་དུས་ནི་རྒྱ་གར་ལྷོ་ཕྱོགས་སུ་གནམ་གཤིས་ཆེས་གྲང་བའི་སྐབས་ཡིན་མོད་རྒྱ་གར་ཡུལ་མི་རྣམས་ཀྱིས་འབྲས་དང་མ་རྨོས་ལོ་ཏོག །ཞོག་ཁོག་སོགས་ཡུར་ཆུ་ལ་བརྟེན་ནས་དུས་བཞིར་འདེབས་ཤིང་འབྲས་བུ་ཡང་བརྔ་ཐུབ་ཀ་རྒྱུ་ཡོད།  གཞན་ཡང་སྔོ་ཚལ་དང་།  ཤིང་ཏོག་གི་རིགས་རྣམས་ཀྱང་དུས་བཞིར་ཅི་འདོད་ལྟར་ལོངས་སུ་སྤྱོད་ཆོག་པས་རང་བྱུང་ཁུར་ཡུག་གི་མཛེས་སྡུག་ལ་དགའ་བའི་ཡུལ་སྐོར་བ་ཡང་གང་མང་ཕེབས་ཀྱི་ཡོད། ཁྱེད་རྣམ་པས་དུས་ཀྱི་ཁོམ་པ་ཡོད་ཚེ་འདི་ཕྱོགས་སུ་སྤྲོ་སེང་ལ་ཕེབས་པར་དགའ་བསུ་ཞུ། །

ཕྱི་ལོ་༢༠༡༥/༧/༢༡/ལ།
སེར་བྱེས་ལྭ་བ་སྤྱི་ལས་ཁང་ནས།

1 comment: