2015-12-15

0

ལོ་རྒྱུས་མདོར་བསྡུས།

དུས་ནམ་གྱི་ཚེ་ཆགས་པའི་སྐོར།

སེར་བྱེས་ལྭ་བ་ཁང་ཚན་འདི་དུས་ནམ་གྱི་ཚེ་ཆགས་པར་བརྩམས་པའི་ཡིག་ཆ་ཁ་གསལ་ཞིག་མི་རྙེད་ཀྱང་། ལོ་རྒྱུས་ཡིག་ཆ་གཞན་དང་། རྒན་པ་གོང་མ་མང་པོའི་གསུང་རྒྱུན་ལས་དཔག་ན། རབ་བྱུང་བཅུ་གསུམ་པའི་ས་ལུག་ལོ། ཕྱི་ལོ་༡༧༧༥/ལོ་ཡས་མས་ཙམ་བྱུང་བ་མངོན། གང་ཡིན་ཞེ་ན་སྐབས་དེའི་སྐབས་སེར་བྱེས་གྲྭ་ཚང་གི་མཁན་པོ་ཀེའུ་ཚང་བྱམས་པ་སྨོན་ལམ་མཁན་ཐོག་ཏུ་འཁེལ་ཡོད། ཡང་གཞན་ཞིག་ལ། ཁང་ཚན་འདི་ཉིད་ཀྱི་ཁོངས་སུ་གཏོགས་པའི་གྲྭ་རྒྱུན་ཐུན་མོང་མ་ཡིན་པ་ནི་ཕྱི་ལོ་༡༦༩༨/ལོའི་སྔོན་ཙམ་ནས་སེར་བྱེས་གྲྭ་ཚང་དུ་ཡོད་པ་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་བཻཌཱུརྱ་སེར་པོ་ནང་གསལ།

ཁང་ཚན་འདི་ཕྱག་འདེབས་པ་པོ་ནི།

ཐོག་མ་སེར་སྨད་གྲྭ་ཚང་དུ་ལས་སྣེ་མོ་བ་རྣམས་ཀྱིས་སྒྲིག་ཁྲིམས་མནན་དཀའ་བའི་རྡོབ་རྡོབ་འགའ་རེ་ཡོད་ལ། རྡོབ་རྡོབ་དེ་དག་བདག་སྐྱོང་བྱེད་པ་ལ་སེར་སྨད་མཁན་རིན་པོ་ཆེ་གྲགས་པ་མཁས་མཁས་གྲུབ་ནས་ཧ་ཅང་དཀའ་ལས་ཁག་པོ་བྱུང་ནས་རྡོབ་རྡོབ་དེ་དག་ཁོང་གི་བདག་སྤྲོད་ཐུབ་ཐབས་མེད་ཚུལ་སྐོར་སེར་བྱེས་མཁན་པོ་ཀེའུ་ཚང་བྱམས་པ་སྨོན་ལམ་མཆོག་ལ་ཞུས། དེའི་སྐབས་ཀེའུ་ཚང་བྱམས་པ་སྨོན་ལམ་མཆོག་ནས་ཁྱོད་ཀྱིས་བདག་སྤྲོད་ཐུབ་ཐབས་མེད་ན་ངས་བདག་སྤྲོད་གནང་རྒྱུ་ཡིན་ཞེས་ཞུས་པས། སྨད་མཁན་རིན་པོ་ཆེ་གྲགས་པ་མཁས་གྲུབ་མཆོག་ནས་རྡོབ་རྡོབ་དེ་དག་སེར་བྱེས་མཁན་པོ་ཀེའུ་ཚང་བྱམས་པ་སྨོན་ལམ་མཆོག་ལ་གནང་རྒྱུའི་ཞལ་བཞེས་གཙང་མ་གནང། ཀེའུ་ཚང་བྱམས་པ་སྨོན་ལམ་མཆོག་ནས་རྡོབ་རྡོབ་དེ་དག་ཐབས་མཁས་ཀྱིས་བདག་སྐྱོང་གནང་སྟེ། སེར་བྱེས་གྲྭ་ཚང་དུ་སྔར་ཡོད་ལོ་བེ་སྟེང་དགོན་དང་འབོམ་སྟེང་དགོན་གྱི་གྲྭ་རྒྱུན་རྣམས་དང་མཉམ་དུ་ཟླ་སྒྲིལ་བཏང་སྟེ་ལྭ་བ་ཁང་ཚན་འདི་ཉིད་ཐོག་མ་ཕྱག་འདེགས་པར་མཛད།

ལྭ་བ་ཁང་ཚན་ཞེས་པའི་མཚན་ཐོགས་ཚུལ་ནི།

སྤྱིར་བཏང༌། མཚན་འདོགས་ཚུལ་ལ་དུས་ཚིགས་ཀྱི་སྒོ་ནས་འདོགས་ཚུལ། ས་གནས་ཀྱི་སྒོ་ནས་འདོགས་ཚུལ། སློབ་དཔོན་གྱི་གདམས་པའི་སྒོ་ནས་འདོགས་ཚུལ་སོགས་འདྲ་མིན་ཞིག་ཡོད་ཀྱང་ལྭ་བ་ཁང་ཚན་ཞེས་པ་འདི་ནི་དེ་ལྟར་མིན་ལ། དེ་ཡང་སྔོན་བྱོན་གྱི་རྒན་པ་དམ་པ་རྣམས་ཀྱི་བཤད་སྲོལ་ཁག་གཉིས་ཙམ་བྱུང་ཡོད་པའི་དང་པོ་ནི། ཁང་ཚན་འདི་ཐོག་མར་ཆགས་སྐབས་ཁམས་ཕྱོགས་ནས་ལྭ་བ་དཀར་པོའི་འཕྱུ་པ་གྱོན་པའི་གྲྭ་རྒྱུན་སུམ་ཅུ་ལྷག་ཙམ་འབྱོར་བར་བརྟེན་ནས་བཏགས། དེ་ཡང་ཕྱིའི་ལྭ་བ་དཀར་པོའི་སྣམ་བུ་ལ་ནག་རྣོག་སོགས་དྲེག་པས་མ་གོས་པས་ཚོན་དམར་སེར་གང་བཏབ་ཀྱང་ལེན་པ་བཞིན། ནང་གི་སེམས་རྒྱུད་ཀྱང་ཀུན་སློང་མ་རུང་པས་བསླད་མ་ཞུགས་པས་ལེགས་ལམ་གང་དུ་འཁྲིད་ཀྱང་རུང་བའི་སྐལ་ལྡན་གྱི་སྐྱེས་བུ་ཞིག་ཡིན་པར་ཐོག་མར་བཀྲ་ཤིས་པའི་རྟེན་འབྲེལ་ཞིག་འོང་བར་བརྩིས་ནས་ལྭ་བ་ཁང་ཚན་ཞེས་མཚན་བཏགས། མཚན་བཤད་བྱེད་ན་ལྭ་བ་དཀར་པོའི་སྣམ་བུ་ལ་ཁ་དོག་གཞན་གྱིས་བསླད་མེད་པ་ལྟར་ཁང་ཚན་འདི་ཉིད་ཀྱི་གྲྭ་རྒྱུན་རྣམས་ཀྱང་ཀུན་སློང་ལ་བསླད་མེད་པ་ཡིན་ཞེས་མཚན་བཤད་བྱེད་སྲོལ་ཡོད།

ཡང་བཤད་ཚུལ་གཞན་ཞིག་ནི།

ཁང་ཚན་འདི་ཐོག་མར་ཆགས་སྐབས་ཁང་ཚན་འདི་ལ་མཚན་གང་ཡང་ཐོགས་མེད་པས་ཁང་ཚན་གྱི་གྲྭ་བ་ཚང་མས་མཚན་བཟང་པོ་ཅི་འདྲ་ཞིག་བཏགས་དགོས་ན་སྙམ་སྟེ་སྡོད་པའི་སྐབས་ཤིག་ལ། གཙུག་ལག་ཁང་གསར་བཞེངས་བྱེད་སའི་ས་འོག་ནས་རྡོ་ལེབ་དཀར་པོ་ཞིག་ལ་ལྭ་བ་ཞེས་པའི་ཡི་གེ་རང་བྱུང་དུ་ཡོད་པ་ཞིག་ཐོན་པའི་ཡ་མཚན་མངོན་བྱུང་གི་དངོས་པོ་འདི་ལ་ཚང་མས་མ་བསྒྲིག་ལྷུན་གྲུབ་ཀྱི་རྟེན་འབྲེལ་ཞིག་ཏུ་ངོས་འཛིན་ཏེ། ལྭ་བ་ཞེས་ཁང་ཚན་གྱི་མཚན་དུ་གསོལ་པར་གྲགས།

ལྭ་བ་ཁང་ཚན་གྱི་བཅའ་ཡིག་ཆེན་མོ་མཛད་པ་པོ་ནི།

ཀེའུ་ཚང་གཉིས་པ་འཇམ་དབྱངས་སྨོན་ལམ་མཆོག་ཡིན། ཀེའུ་ཚང་སྐུ་ཕྲེང་དང་པོ་བྱམས་པ་སྨོན་ལམ་མཆོག་གིས་ལྭ་བ་ཁང་ཚན་གསར་འཛུགས་གནང་བ་དེ་ཉིད་ཀེའུ་ཚང་སྐུ་ཕྲེང་གཉིས་པ་འཇམ་དབྱངས་སྨོན་ལམ་མཆོག་གིས་བདག་སྐྱོང་གནང་ནས་ཁང་ཚན་འདི་ཉིད་ཀྱི་ཐུན་མོང་མ་ཡིན་པའི་བཅའ་ཡིག་ཆེན་པོ་ཞིག་ཀྱང་གསོལ་སྩལ་གནང་ཡོད། ལྷག་པར་དུ་ཀེའུ་ཚང་སྐུ་ཕྲེང་དང་པོ་ནི་ད་ལྟའི་བར་སྐུ་ཕྲེང་རིམ་བྱོན་ནས་ཁང་ཚན་འདི་ཉིད་ལ་དམིགས་བསལ་གྱིས་བདག་སྐྱོང་གནང་བཞིན་མཆི།

0 མཆན།:

Post a Comment